༄༅། །ཞལ་གདམས། །

རྗེས་འཇུག་སྐལ་བཟང་རྣམས་ལ་བསྩལ་པའི་ཞལ་གདམས་བསླབ་བྱ་ཉམས་ལེན་གྱི་སྐོར་སྤང་བླང་མིག་འབྱེད་ཟབ་དོན་སྙིང་གི་བདུད་རྩི་ལས་བཀོལ་དུ་ཕྱུང་བའོ།།

རྗེ་དཀོན་མཆོག་ཀུན་འདུས་ལ་གསོལ་བ་འདེབས། །རྒྱུད་སྡོམ་གསུམ་དང་ལྡན་པར་བྱིན་གྱིས་རློབས། །ཁྲིམས་ཉིས་རྒྱ་ལྔ་བཅུ་ཕར་ལ་ཞོག །གོས་གྱོན་ལུགས་རེ་མི་ཤེས་པའི། །དགེ་སློང་དུ་རློམ་པ་ངོམཚར་ཆེ། །ཆོས་འདུལ་བ་ལ་ཅུང་ཟད་གཟིགས་རྟོག་ཞུ། །བདག་ལས་གཞན་སྐྱེས་ཀྱི་ཕན་སེམས་ཕར་ལ་ཞོག །བསམ་བཟང་ཙམ་ཞིགམེདཔ་ཡི། །བྱང་སེམས་དུ་རློམ་པ་ངོ་མཚར་ཆེ། །ཐེག་ཆེན་གྱི་མདོ་སྡེ་ལ་གཟིགས་རྟོག་ཞུ། །ས་མ་ཡ་འབུམ་སྡེ་ཕར་ལ་ཞོག །བླ་མའི་བཀའ་བཀྱོན་ཙམ་ཆགས་པའི། །སྔགས་པ་རུ་རློམ་པ་ངོ་མཚར་ཆེ། །གསང་སྔགས་ཀྱི་བསྲུང་མཚམས་ལ་གཟིགས་རྟོག་ཞུ། །སེམས་རྒྱུན་དུ་ཡེངས་མེད་ཕར་ལ་ཞོག །འཆི་བ་སྐད་ཅིག་ཙམ་མི་དྲན་པའི། །སྒོམ་ཆེན་དུ་རློམ་པ་ངོ་མཚར་ཆེ། །ཆོས་གཤའ་མ་ཞིག་མི་བྱུང་རང་གི་སེམས་ལ་དྲིས། །ལར་རང་རྒྱུད་ཀྱི་སྐྱོན་ལ་མི་དཔྱད་པ། །གཞན་རྒྱུད་ཀྱི་སྐྱོན་ལ་མཛུབ་བཙུགས་དེ། །ཚིག་ཁ་ཡིས་བཤད་པ་སྣ་ཡིས་ཁྲིལ། །དེ་འདྲའི་ཆོས་བཤད་ཀྱིས་ཅི་ལ་ཕན། །རང་རྒྱུད་ལ་ཆོས་ཀྱི་ཆ་ཤས་ཙམ། །འབྱོར་པ་ཅུང་ཟད་ཅིག་མེད་པ་ལ། །མི་གཞན་ལ་ཆོས་བཤད་ཐོལ་ཐོལ་སྨྲ། །ནེ་ཙོའི་ཁ་ཡི་མ་ཎི་འདྲ། །འདི་འདྲའི་ཉན་བཤད་ཀྱང་ངོ་མཚར་ཆེ། །ཐར་པ་ཐོབ་པ་དཀའ་མོ་གདའ། །དེ་ཨེ་འདྲ་རང་རང་གི་རྒྱུད་ལ་དྲིས། །བློ་ནང་དུ་བཀུག་པ་ཤིན་ཏུ་ལེགས། །ཞེས་ཞན་རྫོང་དགོན་པའི་སྟོན་སྒོམ་ཆོས་དར་གྱི་ངོར། མཆོག་གྱུར་གླིང་པས་བྲིས་པ་དགེ །

/imager/images/22057/Chokgyur-Lingpa_712c4e757e7f11f90332598bd8911e79.jpg

Chokgyur Dechen Lingpa

Courtesy of Himalayan Art Resources

Title:

ཞལ་གདམས།

zhal gdams

Words of Advice

Author:

Chokgyur Dechen Zhikpo Lingpa

Description:

A call to the practitioners to turn their minds inwardly by Chokgyur Lingpa.