༄༅། །སྡོམ་པ་གསུམ་གྱི་བསླབ་བྱ། །

རྗེས་འཇུག་སྐལ་བཟང་རྣམས་ལ་བསྩལ་པའི་ཞལ་གདམས་བསླབ་བྱ་ཉམས་ལེན་གྱི་སྐོར་སྤང་བླང་མིག་འབྱེད་ཟབ་དོན་སྙིང་གི་བདུད་རྩི་ལས་བཀོལ་དུ་ཕྱུང་བའོ།།

སྡོམ་པ་གསུམ་གང་ཟག་གཅིག་གི་རྒྱུད་ལ་ཉམས་སུ་ལེན་ཚུལ་ནི། །འདི་ལྟར་གསུམ་པོ་གང་ལ་མོས་པ་ཡི། །གང་ཟག་དེ་ཡི་ཉམས་སུ་ལེན་པའི་ཚུལ། །ཐེག་ཆུང་སོ་སོར་ཐར་པ་རིས་བརྒྱད་རྣམས། །གང་ནུས་སྲུང་པ་སོགས་ནི་གོ་སླ་ཞིང་། བྱང་ཆུབ་སེམས་ཀྱི་སྡོམ་པའི་བསླབ་པ་ལ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་སོགས་པས། །སེམས་བསྐྱེད་གོང་ན་བླངས་པས་ཆོག་པར་གསུངས། །རྒྱུ་མཚན་སྟོན་པས་ལྷ་ཀླུ་ལྷ་མ་ཡིན། །རྟེན་ནི་ངེས་མེད་ཀུན་ལ་གནང་ཕྱིར་རོ། །འགའ་ཞིག་སོ་ ཐར་སྔོན་དུ་མི་འགྲོ་ན། །ཉེར་སྤྱོད་སྡོམ་པའི་ཆོས་ཅན་ཞེས་བཀག་ན། །རང་ལུགས་ལ་ནི་གཉིས་ཀ་མི་འགལ་ཏེ། །སོ་ཐར་སྔོན་དུ་སོང་ཀྱང་ལེགས་མོད་ཀྱིས། །མ་སོང་མི་ འགལ་རྒྱལ་བའི་རྗེས་ཞུགས་ཚེ། །སྐྱབས་གསུམ་འཛིན་ཅིང་རང་འདོད་མེད་པ་ཡིས། །གཞན་ཕན་སྒྲུབ་པས་གཞན་གནོད་རང་སར་སྟོང་། །དེ་པིས་ཚུལ་ཁྲིམས་ཕུན་སུམ་ ཚོགས་པ་ཡིན། །སྤྱིར་ཡང་གོང་མའི་ནང་དུ་འོག་མ་འདུ། །ཀུན་ལ་གྲགས་ཕྱིར་ཚད་མའི་ལུང་རིག་ཡོད། །སྔགས་ཀྱང་དབང་བཞི་ཐོབ་ཕྱིར་སྔགས་སྡོམ་སྲུང་། །མཆོག་ གསུམ་འདུས་པ་བླ་མའི་དམ་ཚིག་གིས། །སྐྱབས་གསུམ་འཛིན་པ་མཆོག་ཏུ་གྱུར་པའོ། །སྦྱོར་བ་མི་ཚངས་དངོས་པོས་འགལ་ཞེ་ན། །རིག་པ་བདག་གིར་མ་བྱས་བཟང་མོ་བཞིན། །བུད་མེད་སྒྱུ་མ་ལྟར་རྟོགས་བདེ་སྟོང་གི །ཉོན་མོངས་རང་མཚང་ཤེས་པས་ཐབས་ཀྱིས་གྲོལ། །ཞེན་འཛིན་བྲལ་བའི་ཚངས་སྤྱོད་ཕུན་སུམ་ཚོགས། །སྦྱོར་བ་ཕན་དངོས་མདུང་ཐུང་ཅན་བསད་ལྟར། །དེ་ལ་ལས་ལྷག་ཤི་བ་བསྔགས་བརྗོད་སོགས། །སྨྲས་ན་སྙིང་རྗེར་མ་ཟད་གནས་སྤར་འཕགས། །དེ་ཕྱིར་གསང་བ་སྔགས་ཀྱི་དམ་ཚིག་ལ། །སོ་བྱང་དོན་ཐོབ་ཐབས་ཀྱིས་ཁྱད་པར་འཕགས། །འོན་ཀྱང་སྔགས་བྱང་གཉིས་པོར་འདུལ་འདུསཀྱང་། །ཆོ་གའི་སོ་ཐར་སྡོམ་པ་མ་ཐོབ་པས། །རབ་བྱུང་མཚན་ཉིད་པ་ཡི་ཆས་འཛིན་ན། །བསྟན་ཁྲིམས་སྤྱི་ལ་འགལ་ཞེས་བཀག་པར་གྲགས། །ཆང་ནི་ཐལ་ན་སྡོམ་པ་གསུམ་པོ་ལ། །བག་མེད་འགྱུར་བས་ཀུན་ལ་སྡོམ་པར་གཅེས། །ཞེས་མཆོག་གྱུར་གླིང་པས་སོ། །བཀྲ་ཤིས།།

/imager/images/22057/Chokgyur-Lingpa_712c4e757e7f11f90332598bd8911e79.jpg

Chokgyur Dechen Lingpa

Courtesy of Himalayan Art Resources

Title:

སྡོམ་པ་གསུམ་གྱི་བསླབ་བྱ།

sdom pa gsum gyi bslab bya/

Advice on the Way to Practice the Three Vows

Author:

Chokgyur Dechen Zhikpo Lingpa

Description:

Chokgyur Lingpa gave the following piece of heart advice on the way to practice the three vows within the mindstream of a single person.