༄༅། །ཡོན་བདག་རྣམས་ལ་གདམས་པ། །

རྗེས་འཇུག་སྐལ་བཟང་རྣམས་ལ་བསྩལ་པའི་ཞལ་གདམས་བསླབ་བྱ་ཉམས་ལེན་གྱི་སྐོར་སྤང་བླང་མིག་འབྱེད་ཟབ་དོན་སྙིང་གི་བདུད་རྩི་ལས་བཀོལ་དུ་ཕྱུང་བའོ།།

བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །བདག་གཞན་ཆོས་དང་མཐུན་པར་བྱིན་གྱིས་རློབས། །རྣལ་འབྱོར་བདག་གིས་ཕན་པའི་གླུ་དབྱངས་ལེན། །ཁྱེད་རྣམས་མ་ཡེངས་ཉོན་ཅིག་ཡོན་བདག་རྣམས། །མི་ཚེ་ཡེངས་མ་ལུད་ལ་ཤོར་ནས་ཐལ། །མི་རྟག་འཆི་བ་ཡོད་དོ་ཡོན་བདག་རྣམས། །འཆི་དུས་བསགས་པའི་ནོར་རྣམས་ཤུལ་དུ་ལུས། །དོན་མེད་སྡིག་བསོགས་མ་བྱེད་ཡོན་བདག་རྣམས། །སྤྱི་མར་ཕན་པ་དམ་པའི་ལྷ་ཆོས་ཡིན། །ད་ལྟ་ལྷ་ཆོས་གྱིས་ཤིག་ཡོན་བདག་རྣམས། །གཏན་གྱི་སྐྱབས་སུ་བསླུ་མེད་དཀོན་ མཆོག་བཟང་། །མཆོད་བསྟོད་གསོལ་བ་ཐོབ་ཅིག་ཡོན་བདག་རྣམས། །འཇིག་རྟེན་ལྷ་ལ་ཕན་བས་གནོད་པ་ཆེ། །དོན་མེད་དམར་མཆོད་མ་བྱེད་ཡོན་བདག་རྣམས། །རང་ལ་སངས་རྒྱས་དངོས་དེ་བླ་མ་ཡིན། །རྟག་ཏུ་ཅི་མཉེས་སྒྲུབས་ཤིག་ཡོན་བདག་རྣམས། །དཔའ་བོ་མཁའ་འགྲོ་དངོས་དེ་མཆེད་གྲོགས་ཡིན། །གྲོགས་ལ་བརྩེ་གདུང་གྱིས་ཤིག་ཡོན་བདག་རྣམས། །བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་ཡིན། །རྟག་ཏུ་གསོལ་ཐོབ་ཅིག་ཡོན་བདག་རྣམས། །སྐྱོང་རྒྱུའི་གཉེན་དེ་འགྲོ་དྲུག་སེམས་ཅན་ཡིན། །བྱམས་དང་སྙིང་རྗེས་སྐྱོངས་ཤིག་ཡོན་བདག་རྣམས། །འདུལ་རྒྱུའི་དགྲ་དེ་ཉོན་མོངས་དུག་ལྔ་ཡིན། །གཉེན་པོས་ཅི་ཐུལ་གྱིས་ཤིག་ཡོན་བདག་རྣམས། །དམྱལ་བའི་རྒྱུ་ཡི་རྩ་བ་སྲོག་གཅོད་ཡིན། །ནམ་ཡང་སྲོག་གཅོད་མ་བྱེད་ཡོན་བདག་རྣམས། །སྲོག་གཅོད་བྱེད་པའི་རྩ་བ་ཤ་འདི་ཡིན། །སྡིག་ཟས་ཤ་ཁྲག་སྤོངས་ཤིག་ཡོན་བདག་རྣམས། །ཁྱིམ་ཚང་མི་རྩག་ཚོང་དུས་མགོན་པོ་འདྲ། །དོན་མེད་མཁོན་འཛིང་མ་བྱེད་ཡོན་བདག་རྣམས། །བཟང་རུང་ངན་རུང་གཡས་གཡོན་ཁྱིམ་མཚེས་དགོས། །ཁྱིམ་མཚེར་སྡང་བར་མ་བྱེད་ཡོན་བདག་རྣམས། །ཕྱུག་ལ་བརྡེག་བརྡུང་བྱས་ན་གཡང་ལྷ་ཉམས། །སྒོ་ཕྱུགས་བྱམས་པས་སྐྱོངས་ཤིག་ཡོན་བདག་རྣམས། །ཁོང་ཁྲོས་རང་གཞན་གཉིས་ཕུང་དགེ་རྩ་འཇོམས། །དགྲ་ལ་ཞེ་སྡང་མ་ཆེ་ཡོན་བདག་རྣམས། །ཚེ་སྟོད་གཉེན་ལ་ཚེ་སྨད་དགྲ་རུ་སྡང་། །གཉེན་ལ་གདུང་སེམས་མ་ཆེ་ཡོན་བདག་རྣམས། །སེར་སྣ་བྱས་ན་ཡི་དྭགས་གནས་སུ་སྐྱེ། །གཡོག་པོར་ལྟོ་གོས་བྱིན་ཅིག་ཡོན་བདག་རྣམས། །ཕྱི་མའི་ཡུལ་ལ་ཟས་ནོར་ཁྱེར་དབང་མེད། །དབུལ་པོར་སྦྱིན་པ་ཐོངས་ཤིག་ཡོན་བདག་རྣམས། །ཕ་མར་བཀུར་ན་བུ་ལ་བསོད་ནམས་ཆེ། །རྒས་དུས་བྱམས་པས་སྐྱོངས་ཤིག་ཡོན་བདག་རྣམས། །མར་མེ་ཕུལ་ན་ཕྱི་མར་གཟུངས་བཟང་སྐྱེ། །ལྷ་ལ་མར་མེ་ཕུལ་ཙིག་ཡོན་བདག་རྣམས། །ཕྱུག་དང་བསྐོར་བས་ལུས་ཀྱི་སྒྲིབ་པ་འདག །རྟེན་ལ་ཕྱག་བསྐོར་གྱིས་ཤིག་ཡོན་བདག་རྣམས། །ཁ་ནི་ཁ་མཆུ་ཀུན་གྱི་རྩ་བ་ཡིན། །དོན་མེད་ལབ་མོ་མ་མང་ཡོན་བདག་རྣམས། །ཆོསཀྱི་སྙིང་པོ་ཡི་གེ་དྲུག་པ་ཡིན། །རྒྱུན་དུ་མ་ཎི་བགྲོངས་ཤིག་ཡོན་བདག་རྣམས། །བསམ་པ་བཟང་ན་ཅི་བྱས་ཆོས་སུ་འགྲོ། །བསམ་པ་བཟང་པོ་གྱིས་ཤིག་ཡོན་བདག་རྣམས། །བསོད་ནམས་འཛད་པའི་རྒྱུ་ནི་བསམ་ངན་ཡིན། །བསམ་ངན་ཡིད་ལ་མ་འཆང་ཡོན་བདག་རྣམས། །དུས་ངན་སྙིགས་མའི་མི་ལ་བློ་གཏད་མེད། །བློ་ཕུག་ཆོས་ལ་གཏོད་་ཅིག་ཡོན་བདག་རྣམས། །གྲོས་དེ་འདི་ན་རྒྱལ་བའི་བཀའ་ལ་དྲིས། །ལེགས་ཉེས་གསལ་བར་སྟོན་ནོ་ཡོན་བདག་རྣམས། །མི་ལ་མ་རེ་ལྷ་ལ་གསོལ་བ་ཐོབ། །ཙི་བསམ་ཆོས་བཞིན་འགྲུབ་བོ་ཡོན་བདག་རྣམས། །ང་ནི་མི་སྡོད་རྒྱལ་ཁམས་གཞན་དུ་འགྲོ། །ཁྱེད་རྣམས་བདེ་བར་བཞུགས་ཤིག་ཡོན་བདག་རྣམས། །ད་ནི་འོ་སྐོལ་ཚེ་འདིར་མ་མཇལ་ཡང་། །ཕྱི་མཇལ་བར་སྨོན་ནོ་ཡོན་བདག་རྣམས། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་རྣམས། །གཏན་དུ་བདེ་བའི་སྐྱིད་མགོ་ཚུགས་པར་ཤོག །ཅེས་པའང་དད་ལྡན་ཡོན་བདག་ཕོ་མོ་རྣམས་ལ་ཨོ་རྒྱན་མཆོག་གྱུར་གླིང་པས་འགྲོ་ཁར་སྨྲས་པའོ།།

/imager/images/22057/Chokgyur-Lingpa_712c4e757e7f11f90332598bd8911e79.jpg

Chokgyur Dechen Lingpa

Courtesy of Himalayan Art Resources

Title:

ཡོན་བདག་རྣམས་ལ་གདམས་པ། །

yon bdag rnams la gdams pa

Advice for Patrons of the Dharma

Author:

Chokgyur Dechen Zhikpo Lingpa

Description:

Chokgyur Lingpa gave these instructions on what is to be adopted and abandoned on the path to his patrons.