༄༅། རྟེན་འབྲེལ་གྱི་སྙིང་པོ་ཆོས་བཤད།

རྗེས་འཇུག་སྐལ་བཟང་རྣམས་ལ་བསྩལ་པའི་ཞལ་གདམས་བསླབ་བྱ་ཉམས་ལེན་གྱི་སྐོར་སྤང་བླང་མིག་འབྱེད་ཟབ་དོན་སྙིང་གི་བདུད་རྩི་ལས་བཀོལ་དུ་ཕྱུང་བའོ།།

རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །སྒོས་བཀའ་དྲིན་ཅན་གྱིས་བྱིན་གྱིས་རློབས། །རྗེ་སངས་རྒྱུས་རྒྱལ་པོ་པདྨ་འབྱུང། །ཕ་དེ་ཡི་ཐུགས་སྲས་སྔགས་བཙུན་བདག །མིང་དོན་དང་ལྡན་པ་མཆོག་གྱུར་གླིང་། །ལྷོ་ཡེལ་ཕུག་དཔལ་གྱི་ནགས་ཁྲོད་འདི། །ཡབ་བཀའ་བརྒྱུད་ཀུན་གྱི་བཞུགས་པའི་གནས། །གནས་གང་ཟག་འཛོམས་པའི་དུས་འདིའི་སྐབས། །ཁོང་བོད་ཁམས་ཡོངས་ལ་ཕན་པ་ཡི། །ཁྱད་པར་དུ་འཕགས་པའི་ཟབ་གཏེར་རྙེད། །མ་བསྒྲིགས་ལྷུན་གྲུབ་ཀྱི་རྟེན་འབྲེལ་མང་། །རྟེན་འབྲེལ་གྱི་སྙིང་པོ་ཆོས་ཤིག་བཤད། །བདེ་སྐྱིད་མ་བུའི་དྲིས་ལེན་ལ། །གོ་བདེ་ཉུང་གསལ་གྱི་གླ་ཆུང་ལེན། །རྟེན་དལ་འབྱོར་ཐོབ་པ་ཤིན་ཏུ་དཀའ། །ཐོབ་འདི་ཡང་ཡུན་རིང་མི་རྟག་པར། །ལས་རྒྱུ་འབྲས་བསམ་ན་སར་མི་ཚུགས། །སྤྱིར་འཁོར་བའི་སྡུག་བསྔལ་བཟོད་གླགས་བྲལ། །སྒོས་དུས་ངན་གྱི་སེམས་ཅན་ཡ་རེ་ང་། །འདིར་སྐྱོ་བ་སྐྱེས་ན་ལྷ་ཆོས་མཛོད། །ཕར་དུས་ངན་གྱི་མི་ཡི་བྱ་བར་ལྟོས། །ཚུར་རང་གི་དགོས་བྱ་ཟིན་མེད་ལ། །བློས་ཞིབ་དཔྱད་བྱས་ན་སྙིང་པོ་མེད། །ཆོས་གཤའ་མ་བྱེད་ན་ངེས་འབྱུང་སྐྱེད། །སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །བློ་ཡིད་ཆེས་ཀྱི་རེ་ས་དེ་ལ་ གྱིས། །ལམ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ། །བོད་འདིར་དར་ཀུན་ཡིན་ཞིང་བཟང་ངན་མེད། །ཁོང་ཆོས་མཛད་ཡོངས་ལ་དག་སྣང་གྱིས། །རང་རྩོད་མེད་ཀྱི་གྲུབ་མཐའ་ཞིག་ལ་ཞུགས། །ལུགས་དེ་ཡི་རྐང་ཚུགས་གཞན་མ་སྨད། །སྒྲོ་འདོགས་ནི་མཁས་གྲུབ་ཅིག་ལས་ཆོད། །ཕྱོགས་མེད་ཀྱི་ཆོས་ཞུ་མང་པོ་ཡང་། །ཆོས་འདྲེས་ཆེར་དམ་སེལ་ཅན་དང་འཕྲད། །རྐང་མི་ཟིན་སྤྲང་པོའི་ཕྱེ་འདྲ་མང་། །དེ་དགོས་དོན་མེད་ལ་ཟུར་ཟ་སྤོངས། །མ་འགྲོ་དྲུག་རིས་མེད་སེམས་ཅན་ལ། །བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་སྐྱོངས། །སྐྱབས་གསུམ་གྱི་སྡོམ་འཛིན་དགེ་བསྙེན་ཞུས། །མི་གསོད་དང་དཀོར་འཕྲོག་དབྱེན་བྱེད་སྤོངས། །ཕན་མེད་ཀྱི་གཡོ་ཁྲམ་མནའ་དམོད་དང་། །ཟིན་མེད་ཀྱི་བྱ་བ་ངན་རྫས་སྤོངས། །ས་ལམ་གྱི་འགལ་རྐྱེན་ཞི་བའི་ཕྱིར། །སྒྲིབ་སྦྱང་གི་རིགས་ལ་ཡང་ཡང་འབད། །ལམ་བགྲོད་ཀྱི་མཐུན་རྐྱེན་ཚོགས་རྫོགས་ཕྱིར། །ཡར་དཀོན་མཆོག་གི་ཞིང་སར་མཆོད་པ་ཕུལ། །མར་སྙིང་རྗེས་འགྲོ་ལ་སྦྱིན་པ་ཐོངས། །ཚོགས་བསགས་ཡུལ་བཟང་ངན་ལ་མི་ལྟོས་པར། །རང་ལྷག་བསམ་གྱི་ མཚམས་སྦྱོར་ཁོ་ནར་དག །འདོད་སེམས་དང་རྣམ་རྟོག་གི་རིགས་བཀག་ཅིང་། །བག་ཡོད་དུ་བྱེད་པ་འདུལ་བ་སྟེ། །འདི་དགེ་སློང་རྣམས་ཀྱིས་བསྲུང་སྡོམ་ཡིན། །ཁྱིམ་ འཛིན་གྱི་རལ་ཅན་གོས་དཀར་ཅན། །དགེ་བསྙེན་ནས་བྱང་ཆུབ་སེམས་ལ་བསླབ། །བྱང་སེམས་ནི་སེམས་དགེ་ཁོ་ན་ཡིན། །ལྟར་སྣང་ལ་མི་དགེ་བ་ཡིན་ཀྱང་། །ངེས་ཚིགས་སུ་གང་ལ་ཕན་འདོགས་པ། །དཔེ་སྨན་པས་གཏར་ཁ་བྱེད་དང་མཚུངས། །རང་ཞེ་འདོད་མེད་པའི་ཕན་འདོགས་དགོས། །ཆོས་ཀུན་གྱི་སྙིང་པོ་གསང་སྔགས་ ཡིན། །འདི་བླ་མ་མཚན་ཉིད་ལྡན་པ་ལ། །སྐུ་མཉེས་པ་གསུམ་འབུལ་དབང་བཞི་ཞུ། །ཕྱི་བུམ་དབང་བསྐྱེད་རིམ་བྱེད་ལ་དབང་། །ནང་གསང་དབང་རྩ་རླུང་བསྒོམ་པའི་དབང་། །མཆོག་ཤེས་རབ་བདེ་ཆེན་བསྒོམ་པའི་དབང་། །དོན་མཐར་ཐུག་ཚིག་དབང་རྫོགས་ཆེན་ཡིན། །དབང་འདི་བཞི་ཐོབ་ནས་དབང་དོན་བསྒོམ། །དངོས་བརྒྱུད་ སོགས་རིག་འཛིན་བཞི་བགྲོད་དེ། །མཐར་ཐུག་གི་སྐུ་ལྔའི་རྒྱལ་ས་ཟིན། །དོན་འདི་ཚོ་ཆོས་ཀྱི་སྤྱི་བཤད་ལགས། །འདི་གོ་ན་སྤྱི་ཁོག་ཁྲོལ་ནས་འབྱུང་། །ད་ཉམས་ལེན་གྱི་རྩ་བ་འདི་ལ་མཛོད། །རྗེ་བླ་མའི་བྱིན་རླབས་མ་ཞུགས་ན། །སེམས་རྟོགས་པ་འཆར་བ་དཀའ་མོར་སྣང་། །ཕ་བླ་མའི་རྣལ་འབྱོར་ཡང་ཡང་བསྒོམ། །བློ་གཏད་ལིང་སྐྱར་གྱིས་ཁ་སྙིང་སྤྱོད། །བླ་མ་དང་རང་སེམས་དབྱེར་མེད་བསྒོམ། །དེས་རྟོགས་པ་རང་གིས་འཆར་ཏེ་མཆིས། །རང་རིག་ཡེ་ཤེས་མངོན་སུམ་སྟོན་མཛད་པའི། །དགོངས་བརྡ་སྙན་བརྒྱུད་བླ་མར་གུས་བཏུད་དེ། །ལམ་གྱི་སྙིང་པོ་རྫོགས་ཆེན་བསྒོམ་པ་ལ། །སྔོན་དུ་ངེས་འབྱུང་བསམ་པ་བརྟན་པ་དང་། །ལམ་གྱི་འགལ་རྐྱེན་ཞི་བའི་སྒྲིབ་སྦྱངས་དང་། །མཐུན་རྐྱེན་ཚོགས་རྫོགས་བསོད་ནམས་རབ་ཏུ་བསགས། །ཉོན་མོངས་རྟོག་འདུལ་མདོ་སྡེ་ཚང་། །ཀུན་ཁྱབ་ཆགས་སྡང་བྲལ་བས་བྱང་ཆུབ་སེམས། །བླ་མ་རང་སེམས་དབྱེར་མེད་མོས་གུས་མཆོག །རང་སེམས་གསལ་རིག་རྒྱུན་ཆད་བྲལ་བ་ལ། །བལྟ་བྱ་ལྟ་བྱེད་རེ་དོགས་དང་བྲལ་བས། །རྣམ་རྟོག་མཚོ་ལ་ཆར་བབ་ཇི་ལྟ་བ། །སྣ་ཚོགས་སྣང་ཞིང་ངོ་བོས་སྟོང་པ་ཉིད། །རང་བཞིན་འོད་གསལ་ལམ་མེར་མྱོང་བ་ཅན། །འདི་འདྲའི་ཡིན་ལུགས་མཐོང་ཐོས་བརྗོད་བྲལ་བར། །དྲན་རྫི་རྒྱུན་བརྟན་མ་ཡེངས་པ་ནི་གནད། །དེ་ལྟར་དགོངས་ཟབ་ཉམས་ལེན་གནད་བསྣན་ཏེ། །དགེ་བ་གང་བྱས་འགྲོ་དོན་ཁོ་ནར་བསམ། །ལེགས་བྱས་ ཚོགས་རྣམས་བསྔོ་བས་རྒྱས་འདེབས་མཛོད། །དེ་སྐད་སྐྱིད་ལུས་བསྐུལ་ངོར་མཆོག་གླིང་གིས། །ལྷོ་ཕྱོགས་ཡེལ་ཕུག་དཔལ་གྱི་ནགས་སུ་བྲིས། །

/imager/images/22057/Chokgyur-Lingpa_712c4e757e7f11f90332598bd8911e79.jpg

Chokgyur Dechen Lingpa

Courtesy of Himalayan Art Resources

Title:

རྟེན་འབྲེལ་གྱི་སྙིང་པོ་ཆོས་བཤད།

rten 'brel gyi snying po chos bshad

A Teaching on The Essence of Dependent Origination

Author:

Chokgyur Dechen Zhikpo Lingpa

Description:

Verses of advice on dependent origination by Chokgyur Lingpa.